རླུང་འཚུབ་ ཨུ་པཱན་འདི་ ཕྱི་རུ་ ༧ ལུ་ རླུང་འཚུབ་རྩུབ་དྲགས་ཅན་ཅིག་འབད་ལྷོད་ཡོདཔ་དང་ ད་ལྟོ་འབད་བ་ཅིན་ ནུབ་བེང་གཱལ་གྱི་མཚོ་འགྲམ་ དྷི་གཱ་དང་ ཧཱ་ཏི་ཡ་གི་ མཚོ་གླིང་དང་ བང་ལ་དེཤཱ་ལས་ སུན་དར་བཱན་ས་གནས་ཚུ་ནང་ལྷོད་དེ་ཡོདཔ་ཨིན། རླུང་འཚུབ་འདི་ བྱང་་དང་ བྱང་ཤར་ཁ་ཐུག་འགྱོ་མི་ལས་བརྟེན་ འབྲུག་ལུ་ཡང་ ས་སྨུག་སྤུབ་ཏེ་ ཆརཔ་ཨ་ཙི་རེ་རྐྱབ་དོ་ཡོདཔ་ཨིན།
སྤྱི་ཟླ་ ༥ པའི་ཚེས་ ༢༡-༢༢ དུས་ཡུན་ཆུ་ཚོད་ ༤༨ ནང་འཁོད་ རྒྱལ་ཁབ་ཀྱི་བྱང་ཕྱོགས་དང་ ནུབ་ཕྱོགས་ དེ་ལས་ དབུས་ཕྱོགས་ཀྱི་ས་གནས་ཚུ་ནང་ ཆརཔ་རན་ཏོག་ཏོ་རེ་རྐྱབ་ནི་དང་ ལྷོ་ཕྱོགས་དང་ ཤར་ཕྱོགས་ཁ་ཐུག་ལུ་ ཆརཔ་རན་ཏོག་ཏོ་དང་ ཡང་ཅིན་ ཤུགས་སྦེ་རྐྱབ་ནི་ཨིན་པས། དུས་ཚོད་འདི་གི་ནང་འཁོད་ མཐའ་ཟུར་ས་གནས་དག་ཅིག་ནང་ གློག་ཆར་དང་ རླུང་ཤུགས་འོང་ནི་གི་ཉེན་ཁ་ཡོད།
